སྟག་རི་གཉན་གཟིགས།
༩༠༽ དེ་ནས་སེང་མགོ་མི་ཆེན་གྱིས་བཀོད་ཁྱབ་འོག བོད་དམག་རྣམས་ལ་ཕོ་བྲང་ཐོག་ལ་ལས་མདའ་འཕེན་པ་དང༌། ལ་ལས་བུད་ཤིང་ལ་སྣུམ་བྱུགས་ཏེ་མེ་སྦར་ནས་ཕོ་བྲང་ནང་དུ་གཡུགས་བཅུག་པས། རྒྱ་རྒྱལ་གྱི་ཕོ་བྲང་ཕྱོགས་བཞིར་མེ་ལྕེས་ཁྱབ།
༩༡༽ དེ་ལྟར་རྒྱ་དམག་རྣམས་རྒྱལ་མཁར་སྲུང་འགོག་བྱེད་ཐབས་བྲལ་ཏེ། ཐམས་ཅད་འཇིགས་ཏེ་ལ་ལ་མགོ་བཏགས། ལ་ལ་མེས་འཚིག ལ་ལ་མཚོན་འོག་ཏུ་བཀུམས། དེ་ནས་བཟུང་རྒྱ་ནག་གིས་བོད་ལ་ལོ་ལྟར་དཔྱ་ཁྲལ་འཇལ་དགོས་བྱུང༌།
༩༢༽ བཙན་པོས་རྒྱ་ནག་ལ་དམག་དྲངས་ཏེ་རྣམ་པར་རྒྱལ་བས། རྒྱལ་བློན་འབངས་གསུམ་གྱིས་རྒྱལ་སྟོན་ཆེན་པོ་བྱས་ཤིང༌། ཆབ་སྲིད་ནི་གནམ་ལས་མཐོ། དབུ་རྨོག་ནི་རི་བས་བཙན་པས། བཙན་པོའི་མཚན་ལ་གནམ་རི་སྲོང་བཙན་ཞེས་བསྟོད་དོ། །
༩༣༽ ཕྱི་ལོ་༦༡༧ ལོར་བཙུན་མོ་ཐོ་གར་བཟའ་ཚེ་སྤོང་ལ་སྲས་སྲོང་བཙན་སྒམ་པོ་ངོ་མཚར་གྱི་ལྟས་དུ་མ་དང་བཅས་འཁྲུངས་པས། སྦྲ་སྟོད་ཚལ་གྱི་ཕོ་བྲང་མི་འགྱུར་བྱམས་པ་གླིང་དུ་རྒྱལ་བློན་ཐམས་ཅད་དགའ་ནས་བཙས་སྟོན་རྒྱ་ཆེར་བྱས།
༩༤༽ ཡིན་ནའང༌། ནང་བཀྲ་མ་ཤིས་ན་ཕྱི་དོན་མི་འགྲུབ་ཟེར་བ་བཞིན། བློན་ཆེན་ཟུ་ཙེས་རྟག་པར་གླགས་བཙལ་ནས་རྒྱལ་བློན་འབངས་གསུམ་དབར་གཡོ་ཐབས་སྣ་ཚོགས་སྤྱད་དེ་དཀྲུགས་ཤིང་བརྒྱབ།